ལུག་རྭ།

ཕོད་རི་ཕུན་ཚོགས་ལྷུན་གྲུབ།

  
   ལུག་རྭ་ནི་གཡང་མོ་ལུག་གི་མགོའི་རྭ་ཅོ་དེ་དག་ཡིན་ལ་དེ་ཚོ་ཡང་མིན། ལུག་རྭ་ནི་གཞོན་སྐྱེས་ཀྱི་མཐོང་ལམ་ལས་རྒན་པོ་བློ་གྱོང་དག་གི་རྙིང་ཞེན་གྱི་བསམ་བློ་དེ་ཚོ་ཡིན་ལ་དེ་དག་ཀྱང་མིན། ལུག་རྭ་ནི་རྒས་ཁོག་གི་མིག་ལམ་ལས་ན་གཞོན་འཆལ་པོ་ཚོའི་ཨ་གསར་གྱི་བྱ་སྤྱོད་དེ་དག་ཡིན་ལ་དེ་ཚོ་ཡང་མིན། ལུག་རྭ་ནི་རྭ་ཡི་ནང་གི་རྭ་ཅོ་འཁྱོག་པོའི་གྲས་ཤིག་དང་། རང་མོས་སྒོས་སྐྱེས་པའི་གཡང་མོ་ལུག་གི་རིད་པ་སྲ་མཁྲེགས་ཤིག་དང་མི་ཚོགས་ཁྲོད་ཀྱི་ལུག་རྭ་ཚོའི་དཔེ་ཟླ་བཟང་པོ་ཞིག་ཡིན་ཞིང་། སྲོག་ཆག་གྲངས་མེད་ཀྱི་ནང་ནས་གདམ་ང་མ་བྱས་པར་གཡང་མོ་ཁྱོད་ལ་ལས་དབང་གིས་ཐོབ་པའི་བགོ་སྐལ་ཞིག་ཡིན། དེ་ནི་ལོ་ཟླ་ཞག་མཐུད་ཀྱིས་གྲུབ་པ་ཞིག་ཡིན་ལ། མ་བཅོས་ལྷན་སྐྱེས་སུ་མངའ་བའི་འདོར་ཐབས་མེད་པའི་རང་དབང་ཞིག་ཡིན་ཅིང་། ཚེ་ཚེ་རབས་རབས་སུ་མཇུག་མི་སྒྲིལ་བའི་དངོས་ཡོད་ཀྱི་དཔེ་ཟླ་ཕུལ་བྱུང་ཞིག་ཀྱང་ཡིན།
ལུག་རྭ་ནི་སྤྱང་ཚོགས་ཀྱི་ཁྲོད་ན་ལུས་པའི་ལུ་གུ་འབའ་འབའ་ཞིག་ཡིན་ལ། སྟག་ཚོགས་ཀྱི་ནང་ལས་ཐར་བའི་ལྷ་གཡག་བཙན་རྒོདཅན་ཞིག་ཡིན། ཡང་ན་དེ་ནི་ལ་རྒྱ་དང་བདག་དབང་གིས་བསྒྲིགས་པའི་དར་ཆ་ཞིག་གམ། དར་ཆ་དེའི་འོག་གི་རང་དབང་དང་འདྲ་མཉམ་ལ་རེ་བའི་མི་བསྟུན་པའི་སྙིང་སྟོབས་ཤིག་ཡིན།
ལུག་རྭ་ནི་མདུན་ནས་བལྟས་ཚེ་གྱ་གྱུ་དང་རི་མོས་བཀང་བའི་རུས་པ་སྐམ་པོ་ཞིག་ཡིན་ཞིང་། བརྒྱབ་ཏུ་སྔོག་ན་ཞ་རློན་མང་དྲགས་པའི་ཞོད་སྐྱོན་གྱི་ཟུར་ཟ་ཆེན་པོ་ཞིག་ཀྱང་ཡིན། འོན་ཏེ་དེ་ཡང་མཐར་གཏུགས་ན་ལུག་རྭ་ནི་མི་འཇིགས་རྡོ་རྗེ་ཕ་ལམ་ལྟ་བུའི་སྤོབས་ཆེན་ནུས་ལྡན་ཞིག་ཡིན།
མི་ཡུལ་འདི་ན་ཆེས་རླབས་ཆེ་བའི་དམ་པ་ཞིག་གིས་རི་བོ་ཧི་མ་ལ་ཡའི་ཕ་རོལ་ན་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་སོང་ཞིང་། ས་སྟེང་འདི་ན་ཆེས་བྱམས་བརྩེ་ལྡན་པའི་མི་དབང་ཞིག་གིས་རི་བོ་ཧི་མ་ལ་ཡའི་ཕ་རོལ་ན་སླར་ཡང་འདིའི་གནས་ལུགས་རྟོགས་སོང་ལ། འཇིག་རྟེན་ན་ཆེས་མཛེས་ཤིང་སྡུག་པའི་ན་གཞོན་ཚོས་རི་བོ་ཧི་མ་ལ་ཡའི་ཚུར་རོལ་ནས་འདིའི་སྲོལ་བཟང་འཛིན་ཞིང་ལུག་རྭ་དེ་ལུག་རྭ་ངོ་མར་འགྱུར་ཡང་འགྱོད་པ་མེད།
ལུག་རྭ་ནི་ཟུར་ཟ་ཞིག་སྟེ། དེ་ནི་ཁ་ལོ་མེད་པའི་རྟ་རྒོད་གྲུ་ཤ་ཅན་ཞིག་ཡིན་ཞིང་། ལུག་རྭ་ནི་བསམ་རྒྱུ་དང་དྲན་རྒྱུ་མེད་པའི་ཕག་རྒན་བརྟུལ་བོ་ཞིག་ཀྱང་ཡིན། ལུག་རྭ་ནི་ལུག་རྭ་སྟེ། “སྟེང་ལྷའི་མཛད་སྤྱོད་མེད་ལ་དམའ་མིའི་བྱ་སྤྱོད་ཀྱང་མི་ལྡན། ”དེ་བས་ན། ལུག་རྭ་ནི་ཁྱད་པར་བ་ཞིག་ཡིན་ཞིང་། “སྤྲེའུ་རྒན་རྣམས་ཀྱི་མི་བཟུང་ནས། མཇུག་མ་མེད་ཅེས་བཞད་གད་བྱེད”པའི་གཏམ་རྒྱུད་ལའང་འདྲ། ལུག་རྭ་ནི་ནམ་ཡང་མ་རུང་བ་ཞིག་སྟེ། རྒྱུ་མཚན་ལུག་རྭ་ནི་ལུག་རྭ་ཡིན་པས་ཡིན་ལ་ལུག་རྭ་མ་ཡིན་པས་ཀྱང་ཡིན། ལྟོས་དང་། ཁྱོད་ནི་ངོ་མ་ལུག་རྭ་ལྟ་བུ་ཞིག་རེད། དེ་ལོས་ཡིན། ཁྱོད་ཀྱི་བློ་ཁ་དང་མ་འཚམ་པ་ཚང་མ་“ལུག་རྭ”ཡིན་པས་སོ།
དུ་བའི་རྨུ་ཐག་ལས་བརྒྱུས་པའི་ཨ་མེས་རྒན་པོ་དེ་དང་། ཁྱུང་བརྒྱུད་ཀྱི་དར་སྒམ་ནང་གནས་པའི་ང་ཡི་མེས་པོ་དེ། ད་དུང་ཐང་དཀར་ཀྱི་ཁོག་ན་བསྡད་ནས་གནམ་འཕངས་སྐྱོད་ཀྱིན་པའི་འདས་པོ་དེ་དག སྔ་མ་རྣམས་ལུག་རྭ་ཡིན་པས་རྐྱེན་གྱིས་ཡིན་ནམ་ཡང་ན་ཕྱི་མ་དེ་ལུག་རྭ་མིན་པས་རྐྱེན་ཡིན་ནམ།
ཀྱེ་མ། ཁྱོད་ཀྱིས་ད་དུང་ང་དང་ང་ལྟ་བུ་ཚོ་ལུག་རྭ་རེད་ཟེར་གྱི་འདུག ང་ཚོ“ལུག་རྭ་”ཡིན་པ་ནི་ཁྱོད་ཀྱིས་བསམ་བཞིན་པའི་ལུག་རྭ་ནི་མ་ཡིན་ཏེ། ང་ཚོར་མཁོ་བ་ནི་ལུག་རྭ་ཡིན། ལུག་རྭ་ལྟ་བུའི་སྒེར་གཤིས་ཤིག་མཁོ་བ་ཡིན། ལུག་རྭ་ལྟ་བུའི་མི་བསྟུན་པའི་སྙིང་སྟོབས་ཤིག་ཡིན། ལུག་རྭ་ནི་ང་ཚོ་ཡིན། ང་ཚོ་ནི་ལུག་རྭ་ཡིན།


 


བཀླགས་མཆན་འགོད་ས།

(1-3000)
བཀླགས་གྲངས་མང་ཤོས།
བཀླགས་མཆན་མང་ཤོས།