དགེ་རྒན་ཆེན་མོ་ཞིག་གི་སྐད་ཆར་ཉན་རྗེས། དང་པོ།

དཔལ་བེའུ།

 
 
     དུས་ཀྱི་འཕེལ་འགྲོས་དང་ལྷན་དུ་བོད་ཀྱི་རྩོམ་རིག་གི་གོམ་སྟབས་མཆོངས་སྐྱོད་ཆེན་མོའི་ལམ་དུ་སྐྱོད་བཞིན་ཡོད་ལ། མི་རེ་རེས་མཛེས་དཔྱོད་ཀྱི་ལྟ་བ་དང་། རིག་གནས་ཀྱི་སེམས་ཁམས། མི་དང་མིའི་བར་གྱི་བརྩེ་བའི་རང་མདངས། རང་རང་གི་འཆར་ཡན་མི་འདྲ་བ་སོགས་ཀྱིས་མཚོན་པའི་ལུས་མི་འདྲ་བའི་བརྩམས་ཆོས་མང་དུ་བྲིས་དང་འབྲི་བཞིན་པ་དག་ནི་ཆེས་སྤྲོ་བའི་གནས་སུ་མཆིས་མོད། མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་ལས་དབང་ལ་རྣ་བ་བླགས་ཚེ་སེམས་ཀྱི་འདུ་བྱེད་ལང་ལོང་དུ་གྱུར་ཏེ་ད་ནི་ཅི་ཞིག་བྱེད་དགོས་ཨང་སྙམ་པའི་སོམ་ཉི་དང་། ལོག་རྟོག་གི་ལག་ཟུང་རིང་མོས་ཚོད་ཚོད་ལ་གནས་གང་ཞིག་ཏུ་འཕེན་རྩིས་བྱེད་པར་སྟ་གོན་དང་ཉེར་སྡོགས་རྩོམ་བཞིན་མཆིས།  དེ་ཡང་ཡིན་ཏེ། མེས་པོ་གོང་མའི་ལྷ་ཞལ་ལ་ས་རྡུལ་བགོ་བའི་ཁ་ཆག་སྣ་རལ་གྱི་ལོ་ཟླ་ཚེས་པའི་དུས་འདི་ལ་མི་བུ་སུ་ཞིག་གིས་འཛུམ་ཤིག་ཤིག་གིས་ཁོར་ཡུག་ལ་རྒྱབ་གཟུགས་སྟོན་ཐུབ་ཨང་།   དེ་མི་ནུས་པའི་རྐྱེན་གྱིས་རང་རེའི་སྙུག་ཐོགས་པ་རྣམས་ཀྱིས་ཀྱང་ཟུར་མི་འདྲ་ཞིང་ངོས་མི་མཚུངས་པའི་ཁོར་ཡུག་ཅིག་གི་མཛེས་ལྗོངས་བསྐྲུན་པར་བློས་བསླངས་དང་སེམས་ཤུགས་མཚོན་པའི་སྐད་སྒྲ་བར་མེད་དུ་བསྒྲགས་དང་སྒྲོག་བཞིན་ཡོད་ལ།དེའི་མཚོན་བྱེད་ཀྱི་རྩོམ་ལུས་མི་འདྲ་བའི་སྙན་ངག་དང་དེའི་ཕྲན་དཔྱད་མང་པོ་འབྲི་བཞིན་པ་ནི་ལེགས་མོད།   ཡིད་སྐྱོ་བ་ཞིག་ལ་རྩོམ་པ་པོ་རྒན་པ་དག་གིས་རྩོམ་ཡིག་ཀློག་སྐབས་བརྩམས་ཆོས་ཀྱི་མཛེས་ཁྱད་མི་འཚོལ་བར་རྩོམ་པ་པོའི་མིང་ལ་བལྟས་ཏེ་གཞོན་རབས་པའི་རྩོམ་ཡིག་ལ་བམ་ཀློག་ཙམ་ཡང་མི་བྱེད་པ་དང་།  སྙན་ངག་ཕྲན་དཔྱད་པ་དག་གིས་ཀྱང་སྐུ་ཞབས་ལྗང་བུ་ལྟ་བུའི་མཚན་སྙན་ལྡན་པའི་མི་རེ་ཟུང་གི་རྩོམ་ཡིག་མ་གཏོགས་གསར་སྐྱེས་སྙན་ངག་པའི་རྩོམ་ཡིག་ཐད་ནས་ལྟ་ཚུལ་ཙམ་ཡང་འདོན་དཀའ་པའི་གནས་སུ་གནམ་འོག་གི་ཨང་དང་པོ་ཡིན་སྣང་གིས་མི་རིགས་ཀྱི་ལས་དབང་གླེང་ཁུལ་བྱེད་པ།   ལ་ལས་རང་ཉིད་ཀྱིས་སྙན་ངག་མི་ཤེས་པའི་ངོ་གདོང་འགེབ་ཆེད་སྙན་ངག་ལ་ལྟ་ཚུལ་ངན་པ་འཛིན་པ་དང་སྙན་ངག་པར་ངན་སྐྱོན་སྣ་ཚོགས་བགྲང་བཞིན་ཡོད་པ་སོགས་གང་ཞིག་ཡིན་རུང་ད་ལྟའི་མི་རིགས་འདིའི་གནས་བབ་དང་རིག་གནས་ཀྱི་གལ་ཆེན་རང་བཞིན་ལ་འགན་མ་འཁུར་བའི་བྱ་སྤྱོད་ཅི་ལ་མིན།  ཁ་སྔོན་ཞིག་ལ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཞིག་དང་ལྷན་དུ་ཁ་བརྡ་བྱེད་སྐབས་ཁོང་གིས་སྣང་དོགས་ཅི་ཡང་མེད་པར་“སྙན་ངག་ནི་ཐང་ཚོང་དང་འདྲ།”ཞེས་དང་།ཡང་ན།“ཕྱོགས་གང་ནས་བལྟས་ཀྱང་བོད་ཀྱི་སྙན་ངག་པ་དག་ནི་དབང་པོ་མི་ཚང་བའི་སྨྱོན་པ་ཤ་སྟག་རེད།”ཞེས་དང་།“བདུད་ལྷ་རྒྱལ་དང་དཔའ་རྩེ་སོགས་སུ་ཡིན་ཀྱང་སྨྱ་སེ་སྨྱོ་སེ་ཏག་ཏག་རེད་”ཟེར་བ་ སོགས་ཀྱིས་མཚོན་པའི་སེམས་གཏམ་མང་པོ་ཞིག་བརྗོད་པ་ཐོས་འཕྲལ་ང་ཡི་སེམས་པ་སྐྱོ་ལྷང་ལྷང་དང་ཡི་མུག་པའི་གནས་སུ་དབང་མེད་དུ་ལྷུང་བྱུང་།   ཤེས་ཡོན་པ་ཞིག་ལ་མཚོན་ན། རང་གིས་གང་བཤད་པའི་སྐད་ཆ་དེའི་འགན་ཐེག་དགོས་ལ།གནས་ལུགས་དང་སྒྲུབ་བྱེད་གང་ཡང་མེད་པར་གང་དྲན་ངག་ནས་བརྡོལ་བ་ནི་ཆེས་མི་འོས་པའི་གནས་སུ་འཁུམས་སོ།ཆོས་གང་ཡང་རུང་བ་དེས་སྤྱི་ཚོགས་དེ་དང་ཁོར་ཡུག་དེར་ཕན་ནུས་དང་སྒུལ་ཤུགས་ཅི་ཞིག་བཏོན་ཡོད་མེད་ལ་དཔྱད་པ་སྔོན་དུ་བཏང་སྟེ་དགེ་མཚན་གླེང་རྒྱུ་ནི་ཤེས་ཡོན་པ་ཞིག་ལ་ཚང་དགོས་པའི་ཐོག་མའི་ཆ་རྐྱེན་དུ་བགྲང་ཆོག་པ་ཡིན་མོད།   དེང་གི་མི་ལ་ལས། “ངས་ཟ་བ་ནི་རྩྭ་ཡིན་ཀྱང་འཇོ་བ་ནི་འོ་མ་ཡིན”ཞེས་པའི་(འདི་རྒྱ་ནག་པ་ལུའུ་ཞིན་གྱི་ཚིག་ཡིན།)ཚིག་ཉུང་དོན་བསྡུས་ཀྱི་ལེགས་བཤད་འདིའི་ནང་དོན་མ་གོ་བར་ད་དུང་སྒམ་མདོག་གིས།“ལུའུ་ཞུན་གྱིས་རང་ཉིད་རྩྭ་གཟན་ཞིག་དང་འོ་མ་ཡང་འཇོ་བར་བཤད་དེ།དོན་གྱིས་རང་ཉིད་བ་གླང་ལྟ་བུར་ངོས་འཛིན་བྱས་འདུགསྙན་ངག་པ་ནི་མ་གཞི་ནས་ཅི་བཤད་འདི་བཤད་མེད་པའི་ཀླད་མེད་འབའ་ཞིག་རེད”ཅེས་མ་རིག་ངན་རྟོག་གི་ཀློང་ནས་ཉེས་པ་མ་ཡིན་པའི་ཉེས་པ་རེ་མི་བགྲང་བའི་ངེས་པའང་ཡོད་པ་མ་རེད།   བརྒྱ་ལ་དེ་ལྟར་བྱས་ཀྱང་གཞི་འཛིན་སའི་ཉེས་སྐྱོན་འདི་དང་འདིའོ་སྙམ་པ་ཞིག་ནི་ཅིས་ཀྱང་བཤད་རྒྱུ་ཡོད་དགོས་མོད།སྙན་ངག་རིག་པར་རྒྱུས་ལོན་དང་བློ་སྦྱོང་ཅི་ཡང་མ་སོང་བར་གང་དྲན་སྒོས་ཚིག་མཚོན་སྤུངས་པ་ནི་བདེན་པ་བདེན་པར་མ་མཐོང་ཞིང་གཟུགས་ཤེས་གཉིས་ལས་གཞན་པའི་དངོས་པོ་གང་ཡང་ཁས་མི་ལེན་པའི་ཨ་ཟད་ཨུ་ཐུག་གི་སྦྱོར་བ་ཞིག་གམ་མ་མཐོང་ཕྱིར་ན་མེད་པ་ཡིན་པའི་སྒྲུབ་བྱེད་ལྟར་སྣང་ལ་ཡིད་རྟོན་པ་བཞིན་རང་གི་ནང་སྙིང་ཕྱིར་ངོམ་པ་ཙམ་ལས་གཞན་དུ་མ་དམིགས་ན།  ཁ་ནང་དུ་ཕྱོགས་ནས་ཆུང་མའི་སྔུར་བ་དང་རང་གི་འཁུན་སྒྲ་ལ་ཡིད་རྟོན་བྱོས་དང་སློབ་གསོ་བ་ཆེན་མོ་ཞིག་གི་འགན་འཁྲི་དངོས་ནི་དེ་ནས་རྙེད་ཀྱང་སྲིད་དོ།   ཡང་ལ་ལས། འཇིགས་མེད་ཐེག་མཆོག་གི་སྙན་ངག་ནི་སྐབས་ཐོག་དེར་ཁ་ལས་དགེ་བ་ཙམ་ལས་རིན་ཐང་ཆེན་པོ་མི་འདུག དེང་སྐབས་སྙན་ངག་དེ་འདྲ་འབྲི་མཁན་ནི་ཧ་ཅང་མང་པོ་ཡོད་ཟེར་ལ། ལ་ལས་གྲྭ་བཙུན་ཞིག་གིས་སྙན་ངག་འབྲི་བ་ནི་འོས་མ་ཡིན་ཞེས་སྙན་ངག་ནི་ཁྱིམ་པ་བ་ཁོ་ནའི་ལོངས་སྤྱོད་བྱེད་དུ་ངོས་འཛིན་བྱེད་བཞིན་འདུག་སྐད།  ད་ལྟའི་དུས་འདིར་རྒན་འཇིགས་མེད་ཐེག་མཆོག་གི་སྙན་ངག་དེ་འདྲ་འབྲི་མཁན་མང་དུ་ཡོད་པ་བདེན་ན་མཁས་པ་མང་པོ་ཞིག་གིས་བོད་ཀྱི་ཚིགས་བཅད་སྙན་ངག་གི་གོམ་ཁ་དེ་ལོ་རབས་བརྒྱད་བཅུའི་སྙན་ངག་ལས་བརྒལ་མི་འདུག་པར་གསུངས་པ་ཡང་རྫུན་གཏམ་འབའ་ཞིག་ཏུ་གྱུར་འགྲོ་བ་མ་ཡིན་ནམ།ལོ་རབས་བརྒྱད་བཅུའི་ནང་གི་ཚིགས་བཅད་སྙན་ངག་དང་ད་ལྟའི་ཚིགས་བཅད་སྙན་ངག་གཉིས་ལ་ཞིབ་བསྡུར་ཞིག་བྱོས་དང་།ཁ་སང་དེ་རིང་མི་རིགས་ཀྱི་རུས་རྐང་དུ་སིམ་ཞིང་རིག་གནས་ཀྱི་ནང་བཅད་འཛོམས་པའི་བརྩམས་ཆོས་ཏེ(སེང་རྡོར་དང་ལྷམ་ཀོག་གི་ཚིགས་བཅད་སྙན་ངག་ཕུད)གཞན་ལ་ངོམ་རི་བ་ག་ཙམ་མཆིས།མ་ཟད། སྙན་ངག་ནི་འགྲོ་བ་མིའི་རིགས་ཡོངས་ཀྱིས་ཐུན་མོང་དུ་ལོངས་སུ་སྤྱད་བྱ་ཞིག་ཡིན་པ་ལས་འདིས་འབྲི་ཆོག་དང་དེས་མི་ཆོག་པའི་བཀའ་རྒྱ་ནི་སུས་ཀྱང་བཀྲམ་ཆོག་པ་མ་རེད།  རང་རེའི་སློབ་གསོའི་གར་སྟེགས་ཁྲོད་ན་ཅི་ཡང་མི་བསམ་གང་ཡང་མ་ཤེས་པར་སློབ་ཆེན་སློབ་མ་མང་པོའི་དྭངས་གཙང་གི་ཞིང་ས་ཆེན་མོར་མི་གཙང་བའི་འདམ་ཆུ་འདྲེན་མཁན་གྱི་སློབ་གསོ་བ་མང་དྲགས་པའི་རྐྱེན་གྱིས་རང་རེའི་སློབ་གསོའི་བུ་ཆུང་ནར་སོན་ཙམ་བྱས་པ་ནས་ཧམ་སེམས་ཆེན་པོས་ཁྱུད་མིད་གཏོང་ཐབས་སུ་འབད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ལ།རང་རེའི་རིག་གནས་ཀྱི་རླུང་རྟ་ཡང་ཉིན་རེ་བཞིན་ཆག་ཆེ་ཉམ་ངའི་སྦུབས་སུ་འཛུལ་དགོས་བྱུང་བ་རེད།  དེ་ཡང་།《སེམས་ཁམས་བདེ་ཐང་སློབ་གསོ་དང་དགེ་རྒན་གྱི་བསམ་པའི་སྤུས་ཚད》ཞེས་པར།  དགེ་རྒན་གྱི་ལུགས་དང་མི་མཐུན་པའི་ངོས་ཤེས་ཀྱིས་རང་ཉིད་ཀྱི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་བཟོ་བ་མ་ཟད།  སློབ་གསོའི་སྤྱོད་ལམ་ཐད་ཀྱི་བར་ཁྱད་བཟོས་ཏེ་སློབ་མའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་བཟོ་ངེས། ཞེས་པ་ནས།  སློབ་གསོ་ནི་སློབ་མའི་མི་སྒེར་གྱི་སྤྱི་ཚོགས་ཅན་མངོན་འགྱུར་བྱེད་པའི་རྩ་བའི་ཆ་རྐྱེན་ཡིན་ལ། སྤྱི་ཚོགས་ལ་ཞབས་ཞུ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་སྟངས་གལ་ཆེན་ཞིག་ཀྱང་ཡིན།  ཞེས་ཁ་ཆག་སྣ་རལ་གྱི་དགེ་རྒན་དང་སློབ་གསོས་སློབ་གྲྭ་དེ་དང་སྤྱི་ཚོགས་དེའི་ངོ་གདོང་ལ་སེན་འབྲད་བྱེད་ངེས་པའང་ཤུགས་ལ་བསྟན་ཡོད་པས་དགེ་རྒན་ཆེན་མོ་བའི་མིང་ཅན་གྱི་སྙན་ངག་ལ་རྨོངས་པ་དག་གིས་འདི་དང་འདི་ལྟ་བུའི་དཔེ་ཆ་མང་དུ་བལྟས་ཏེ་མཐོང་ཐོས་མྱོང་གསུམ་གྱི་ལམ་བུ་རྒྱ་བསྐྱེད་དགོས་པའང་བསྙོན་དུ་མེད་མོད།  ད་དུང་རྨོངས་བློས་གཞན་དབང་དུ་གྱུར་བ་ཡང་མ་ཚོར་བར་རིག་གནས་ཤིག་ལ་སྤྱི་སྡོམ་རྒྱག་ཁུལ་བྱེད་པ་ནི་ངོ་རེ་ཚ་ཨང་།
 
 
 
 


བཀླགས་མཆན་འགོད་ས།

(1-3000)
བཀླགས་གྲངས་མང་ཤོས།
བཀླགས་མཆན་མང་ཤོས།